བུ་དཔའ་བོའི་ཕ་ས། སྨན་མཛེས་མའི་འཁྲུངས་གཞིས།
ཚིག འཇུ་སྐལ་བཟང་། དབྱངས། མགོ་ལོག་རྒྱལ་མཚན།
ལེན་མཁན། ཤེར་བསྟན། ཚེ་དབང་ལྷ་མོ། རྒྱལ་མཚན། ཁ་བའི་མེ་ཏོག་ཚན་སྡེབ།
བུ་དཔའ་བོའི་ཕ་ས། སྨན་མཛེས་མའི་འཁྲུངས་གཞིས།
ཚིག འཇུ་སྐལ་བཟང་།
དབྱངས། མགོ་ལོག་རྒྱལ་མཚན།
ལེན་མཁན། ཤེར་བསྟན། ཚེ་དབང་ལྷ་མོ། རྒྱལ་མཚན། ཁ་བའི་མེ་ཏོག་ཚན་སྡེབ།
ཨ་མྱེས་རྨ་ཆེན་གཉན་པོ་གཡུ་རྩེ།
ཡུལ་ལྷ་ཡི་དབུ་འཕངས་གཞན་ལས་མཐོ་ས།
ཨེ་མ། དཔའ་སྡེ་ཁྲ་མོ།
རླུང་རྟ་དང་ཁ་བས་རི་རྩེ་གཡོགས་ས།
གཞི་བདག་གཉན་པོའི་ཕ་སྐད་ཉན་བཞིན།
དུས་རབས་ཀྱི་རི་ལུང་ཧང་འགྲོས་ཀྱིས་བཅད།
རྫ་ཆེ་བཙན་གྱི་རྩེ་ན་མེ་ཞགས་འཚུབ་ས།
རི་འཕན་ཕྱུག་གི་མགོ་ལ་སྤྲིན་པ་འཁོར་ས།
ལོ་རྒྱུས་ཀྱི་སྤྲིན་རུམ་ན་གློག་དམར་འཁྱུག་ས།
འཛམ་གླིང་ལ་ཁའི་བདག་པོ།
བུ་རྟ་ལྕགས་ནག་གི་སེར་བ།
རྒོད་སྒྲོ་ཅན་གྱི་ཉག་ཕྲན།
བློ་ལྡན་འཆར་ཁའི་ཉི་ཟེར།
ཐང་ཤིང་ཡལ་འདབ་རྒྱས་པའི་ཁོ་ལག
སྡེ་ཁྲ་བོའི་དཀྱིལ་གྱི་སྙིང་བཅུད།
རྒྱབ་རྟེན་རྡོ་རྗེའི་བྲག་རི།
ཁྱོད་ནམ་ཡང་རྟག་གི་སྨོན་ལམ།
ཁྱོད་ནམ་ཡང་རྟག་གི་སྨོན་ལམ།
གེ་སར་རྒྱལ་པོ་སེང་ལྕམ་འབྲུག་མོ།
དཔའ་རྒོད་ཀྱི་ང་རོས་འཛམ་གླིང་གཡོ་ས།
ཨེ་མ། ཕྱུག་སྡེ་ཁྲ་མོ།
མཛེས་མ་ཡི་གྲགས་པས་ས་སྟེང་ཁྱབ་ས།
སྐར་ཚོགས་ཁྲ་མོའི་གཞས་དབྱངས་ཉན་བཞིན།
ལྷས་འདབས་ཀྱི་སྨུག་སྤྲིན་རྫི་གླུ་ཡིས་འཚོ།
ལུག་གཡང་དཀར་གྱི་སེར་བ་རི་ལ་འཐོར་ས།
ནོར་ནག་ཆུང་གི་གྲིབ་སོ་ཤོད་ལ་ལྷུང་ས།
འབྱོར་ཕྱུག་གི་འཚོ་བ་ལ་སྦྲང་རྩི་ཆགས་ས།
སྐྲ་ལན་ཚར་ཅན་གྱི་བུ་མོ།
ན་ཆུང་གསེར་ལོ་གཡུ་ལོ།
སྐྱེ་ལོ་པད་མའི་ལྗོན་པ།
མེ་ཏོག་ཟིལ་བ་འཐུང་བའི་ཁུ་བྱུག
ལྷས་གྲུ་བཞིའི་དཀྱིལ་གྱི་བ་དན།
བདེ་སྐྱིད་འོ་མའི་ཁ་ཞགས།
ཁྱོད་ཡང་ཡང་སྐྱིད་པའི་སྨོན་ལམ།
ཁྱོད་ཡང་ཡང་སྐྱིད་པའི་སྨོན་ལམ།
No comments:
Post a Comment