ཨ་མའི་དྲིན་ལན་མ་བརྗེད།
ཚིག རིག་འཛིན་ཧཱུྃ་ཀར་རྡོ་རྗེ།
ལེན་མཁན། གཡུ་རྩེའི་བུ་རྒྱུད་ཤེར་བསྟན།
ལུས་ལང་ཚོའི་འཁྲི་ཤིང་གསར་བ། ལོ་ཉི་ཤུའི་ནམ་ཟླའི་དཔལ་དུ།
འཁྱུག་ལྡེམ་ལྡེམ་གོམ་པའི་གར་སྟབས། ཁྱོད་གཞོན་དར་འཛོམས་པའི་ཉིན་མོ།
ལོ་བདུན་ཅུ་བརྒྱད་ཅུའི་ལམ་དུ། ལུས་ཇེ་ལྗིད་གོམ་ཁ་ཇེ་དལ།
འགྲོ་འདུག་བསམ་རང་དབང་ཆུང་དུས། དྲིན་མ་ལོ་གཉོར་ཚད་ཡིན་ནོ།
ངོ་དྭངས་མོའི་པད་འདབ་གསར་བ། ལོ་ཉི་ཤུའི་སྤང་ཐང་ཁྲ་མོར།
མདངས་འཛུམ་དཀར་པདྨའི་རོལ་གར། ཁྱོད་མཛེས་དར་འཛོམས་པའི་ཉིན་མོ།
ལོ་ཡར་ཡར་ཡར་ལ་སོང་ནས། གདོང་ངོ་ལྤགས་གཉེར་མ་རུག་རུག
ལུས་དབང་པོ་རྒུད་པས་མནར་དུས། དྲིན་ཨ་མ་སྙོར་རན་ཡིན་ནོ།
སྐྲ་ནག་འཇམ་བཀྲག་ལ་འཚེར་བ། ལུས་ལྷུ་དྲུག་སྡོང་རྩེར་བསྐྱོད་ཅིང་།
རྐང་ཡན་ལག་ལྕུག་ཕྲན་རྩེ་གར། ཁྱོད་དར་ལ་བབ་པའི་ཉིན་མོ།
དུས་ནམ་ཟླ་སོང་བའི་ཁྲོད་དུ། སྐྲ་སེ་སྔོན་ཟ་ངེ་ཟིང་ངེ་།
ཡག་མོ་སྒོ་ཉམས་པའི་དུས་སུ། དྲིན་ཨ་མ་གཅེས་སྐྱོང་རན་ནོ།
བློ་དབང་པོ་གསལ་ལ་རྣོ་བ། ངག་སྨྲ་ལྕེ་དྲན་པ་མྱུར་དུས།
སེམས་སྙིང་སྟོབས་བྱམས་བརྩེའི་གཡོ་གར།
ཁྱོད་གཞོན་སྐྱིད་འཛོམས་པའི་ཉིན་མོ།
ལུས་ན་རྒ་འགྲིམ་པའི་ལོ་ཟླར།
སེམས་འཐབ་འཐིབ་སྨྲ་ལྕེ་དབ་དུབ།
ལུས་ཡིད་དབང་རྒུད་པས་ཁྱེར་དུས།
དྲིན་ཨ་མའི་སྐྱིད་སྡུག་གཟིགས་རོགས།
No comments:
Post a Comment